རྫོང་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་རྣམ་པ།
ཁྱེད་རྣམ་པ་བདེ་མོ། རྒྱལ་ཁབ་དམངས་ལ་བརྟེན། མི་དམངས་ཟས་ལ་བརྟེན། འབྲུ་རིགས་ས་ལ་བརྟེན། རྨོ་ཞིང་ནི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་རྨང་གཞི་སྟེ། ནམ་ཡང་ཁ་འབྲལ་ཐབས་མེད་པའི་ང་ཚོའི་ཟས་ཀྱི་ཕོར་བ་ལྟ་བུ་ཡིན་པས། རྨོ་ཞིང་ལ་སྲུང་སྐྱོབ་བྱེད་པ་ནི་དོན་ལ་ང་ཚོའི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྨོ་ཞིང་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། 《རྨོ་ཞིང“ཞིང་མིན་ཅན་དུ་འགྱུར་བའི”བྱ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》དང་《རྨོ་ཞིང“འབྲུ་མིན་ཅན་དུ་འགྱུར་བ”བཀག་འགོག་བྱས་ནས་འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བར་བྱ་རྒྱུའི་སྐོར་གྱི་བསམ་འཆར》གཅིག་རྗེས་གཉིས་མཐུད་ངང་འདོན་སྤེལ་བྱས་པ་དང་། རང་བྱུང་ཐོན་ཁུངས་པུའུ་དང་ཞིང་ལས་ཞིང་སྡེའི་པུའུ་གཉིས་ཀྱིས《ཞིང་སྡེའི་རྨོ་ཞིང་གང་བྱུང་དུ་བདག་བཟུང་བྱས་ནས་ཁང་བ་འཛུགས་སྐྲུན་བྱེད་པའི་ཐད“བྱ་མི་ཆོག་པ་བརྒྱད”སྐོར་གྱི་བརྡ་སྦྱོར》འགྲེམས་སྤེལ་བྱས་པས། རྨོ་ཞིང་སྲུང་སྐྱོབ་ལ་ལམ་ལུགས་དང་བྱེད་ཐབས་གསར་བ་བཏོན་པ་རེད།
གཅན་ཚ་རྫོང་ནི་ས་སེར་མཐོ་སྒང་ནས་མཚོ་བོད་ས་མཐོའི་བར་གྱི་བར་བརྒལ་གྱི་ས་ཁམས་འབྲེལ་མཚམས་སུ་གནས་པ་དང་། ས་མཐོའི་རོང་འབྲོག་སྣོལ་འདྲེས་ཀྱི་སྐྱེ་ཁམས་ཚོར་སྐྱེན་ཁུལ་དུ་གཏོགས་པ་དང་། རི་ཁུལ་ས་བབ་ཀྱིས་རྫོང་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི90%ཟིན་པ་དང་། རྫོང་ཁོངས་ཀྱི་རྨོ་འདེབས་དང་འཚམ་པའི་རྗེས་གྲབས་ཐོན་ཁུངས་ཀྱི་རྒྱ་ཁྱོན་གྱིས་རྫོང་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི0.21%ཟིན་ཡོད། རྨོ་ཞིང་ཐོན་ཁུངས་ཀྱི་སྤུས་ཀར་མངོན་གསལ་གྱི་བཀག་རྒྱའི་རང་བཞིན་ལྡན་པ་དང་། རྨོ་ཞིང་གི་རྗེས་གྲབས་ཐོན་ཁུངས་ཅུང་དཀོན་པས་རྨོ་ཞིང་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་དགོས་པ་རེད། འོན་ཀྱང་མིག་སྔར་ཆོག་མཆན་མ་ཐོབ་པར་གང་འདོད་དུ་རྨོ་ཞིང་བདག་བཟུང་བྱེད་པ་མ་ཟད། ཐ་ན་གཏན་འཇགས་གཞི་རྩའི་ས་ཞིང་སྟེང་དུ་ཁང་པ་དང་གསོ་སྤེལ་ར་བ་འཛུགས་སྐྲུན་བྱེད་པ་དང་། སྡོང་བོ་འདེབས་འཛུགས་བྱེད་པ་སོགས་ཁྲིམས་འགལ་གྱིས་རྨོ་ཞིང་དང་གཏན་འཇགས་གཞི་རྩའི་ས་ཞིང་བདག་བཟུང་བྱེད་པའི་སྣང་ཚུལ་མང་དུ་འབྱུང་བཞིན་ཡོད་པར་བརྟེན། ང་ཚོས་རྫོང་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་བྱས་ནས། ཁྲིམས་འགལ་གྱིས་རྨོ་ཞིང་བདག་བཟུང་དང་བེད་སྤྱོད་བྱེད་པའི་བྱ་སྤྱོད་སྣ་ཚོགས་རང་འགུལ་གྱིས་བཀག་འགོག་བྱས་ཏེ། གཤམ་གྱི་རྨོ་ཞིང་སྲུང་སྐྱོབ་ཀྱི་གཏན་འབེབས་བློ་ལ་བརྟན་པོར་ངེས་པར་དྲན་སྐུལ་བྱ་རྒྱུ་ཡིན།
གཅིག རྨོ་ཞིང་སྲུང་སྐྱོབ་ལ་གཏན་འབེབས་མང་བས་དོན་ཚན་རེ་རེའི་བླང་བྱ་ཡིད་ལ་ངེས་དགོས།
(གཅིག)རྨོ་ཞིང་རང་འདོད་ལྟར་བདག་བཟུང་བྱས་ནས་ཁང་བ་འཛུགས་སྐྲུན་བྱེད་པའི་ཐད“བྱ་མི་ཆོག་པ་བརྒྱད”།
1 . གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་བདག་ཏུ་བཟུང་ནས་ཁང་པ་འཛུགས་སྐྲུན་བྱ་མི་ཆོག
2 . རྨོ་ཞིང་མང་པོ་བདག་བཟུང་དང་བཙན་བཟུང་བྱས་ནས་ཁང་པ་འཛུགས་སྐྲུན་བྱ་མི་ཆོག
3 . རྨོ་ཞིང་ཉོ་ཚོང་དང་འཁོར་རྒྱུག་བྱས་ནས་ཁྲིམས་འགལ་གྱིས་ཁང་པ་འཛུགས་སྐྲུན་བྱ་མི་ཆོག
4 . འགན་གཙང་ལེན་བྱས་པའི་རྨོ་ཞིང་སྟེང་ཁྲིམས་འགལ་གྱིས་ཁང་པ་འཛུགས་སྐྲུན་བྱ་མི་ཆོག
5 . ཚུལ་མཐུན་མིན་པའི་སྒོ་ནས་ཁྲིམས་འགལ་གྱིས་རྨོ་ཞིང་བདག་བཟུང་བྱས་ཏེ་ཁང་པ་འཛུགས་སྐྲུན་བྱ་མི་ཆོག
6.ཁྱིམ་ཚང་རེ་ལ་ཁང་བ་རེའི་གཏན་འབེབས་དང་འགལ་ནས་རྨོ་ཞིང་བདག་བཟུང་བྱས་ཏེ་ཁང་པ་འཛུགས་སྐྲུན་བྱ་མི་ཆོག
7 . ཁྲིམས་འགལ་གྱིས་བདག་བཟུང་བྱས་པའི་རྨོ་ཞིང་སྟེང་འཛུགས་སྐྲུན་བྱས་པའི་ཁང་པ་ཕྱིར་འཚོང་བྱ་མི་ཆོག
8 . ཁྲིམས་འགལ་གྱིས་རྨོ་ཞིང་བདག་བཟུང་བྱས་ནས་ཁང་པ་བསྐྲུན་པར་ཆོག་མཆན་འགོད་མི་ཆོག
(གཉིས) རྨོ་ཞིང་སྲུང་སྐྱོབ་ཐད་ཀྱི“གཏན་འགོག་དྲུག”།
1.སྒྲིག་འགལ་ངང་བདག་བཟུང་བྱས་པའི་རྨོ་ཞིང་གི་སྟེང་དུ་སྡོང་འཛུགས་ནགས་སྐྲུན་བྱེད་པ་གཏན་འགོག་བྱ་དགོས།
2 . ཚད་གཞི་ལས་བརྒལ་ནས་ལྗང་མདོག་བགྲོད་ལམ་འཛུགས་སྐྲུན་བྱེད་པ་གཏན་འགོག་བྱ་དགོས།
3.སྒྲིག་འགལ་ངང་བདག་བཟུང་བྱས་པའི་རྨོ་ཞིང་གི་སྟེང་དུ་མཚོ་དང་མཚེའུ་ཡི་མཛེས་ལྗོངས་བསྐྲུན་པ་གཏན་འགོག་བྱ་དགོས།
4.གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་བདག་བཟུང་བྱས་ནས་རང་བྱུང་སྲུང་སྐྱོབ་ཁུལ་རྒྱ་ཆེར་གཏོང་བ་གཏན་འགོག་བྱ་དགོས།
5.སྒྲིག་འགལ་ངང་བདག་བཟུང་བྱས་པའི་རྨོ་ཞིང་གི་སྟེང་དུ་ཞིང་ལས་མ་ཡིན་པའི་འཛུགས་སྐྲུན་བྱེད་པ་གཏན་འགོག་བྱ་དགོས།
6.ཁྲིམས་འགལ་སྒྲིག་འགལ་གྱིས་རྨོ་ཞིང་བེད་སྤྱོད་བྱེད་པར་ཆོག་མཆན་འགོད་པ་དང་བེད་སྤྱོད་གཏོང་བ་གཏན་འགོག་བྱ་དགོས།
(གསུམ)རྨོ་ཞིང་སྤྱོད་སྒོ་ཐད་ཀྱི“བྱེད་མི་ཆོག་པ་ལྔ” །
1. སྤྱིར་བཏང་གི་རྨོ་ཞིང་སྟེང་མཚེའུ་ཡི་མཛེས་ལྗོངས་བསྐྲུན་པ་དང་རྩྭ་འདེབས་པ་སོགས་བྱེད་མི་ཆོག
2.གང་འདོད་དུ་རྨོ་བསྐྱུར་ནགས་འཛུགས་དང་རྩྭ་འདེབས་མཚོ་བསྐྲུན་བཅས་ཀྱི་གཞི་ཁྱོན་རྒྱ་ཆེར་གཏོང་མི་ཆོག
3.སྒྲིག་འགལ་ཚད་བརྒལ་གྱི་སྒོ་ནས་ལྕགས་ལམ་དང་གཞུང་ལམ་སོགས་སུ་སྤྱོད་པའི་གཞུང་སའི་ཚད་ཐིག་ལས་བརྒལ་བ་དང་། ཆུ་རྐའི་གཞོགས་གཉིས་དང་ཆུ་མཛོད་ཀྱི་མཐའ་འཁོར་སོགས་སུ་སྤྱིར་བཏང་གི་རྨོ་ཞིང་བདག་བཟུང་བྱས་ནས་ལྗང་སྒྱུར་ཁུལ་འཛུགས་སྐྲུན་བྱེད་མི་ཆོག
4 . ཆོག་མཆན་མ་ཐོབ་པར་སྤྱིར་བཏང་གི་རྨོ་ཞིང་བདག་བཟུང་བྱས་ཏེ་རྒྱལ་ཁོངས་ལྗང་སྒྱུར་བྱེད་མི་ཆོག
5.ཆོག་མཆན་མ་ཐོབ་པར་བཟོ་ཚོང་ཁེ་ལས་སོགས་སྤྱི་ཚོགས་མ་རྩ་ཡིས་འཁོར་རྒྱུག་ལ་བརྟེན་ནས་ས་ཞིང་གཉེར་སྐྱོང་དབང་ཆ་ཐོབ་པའི་སྤྱིར་བཏང་གི་རྨོ་ཞིང་དེ་སྡོང་ར་དང་ལྡུམ་ར་སོགས་ཞིང་སྤྱོད་ས་ཆ་གཞན་དུ་བསྒྱུར་མི་ཆོག
བཞི། གཏན་འཇགས་གཞི་རྩའི་ས་ཞིང་ཐད་ཀྱི“གཏན་འགོག་བཞི”།
1.གཏན་འཇགས་གཞི་རྩའི་ས་ཞིང་བདག་བཟུང་བྱས་ནས་སིལ་ར་བསྐྲུན་པ་དང་ཉ་གསོ་ར་བ་འཛུགས་པ་སོགས་གཏན་འགོག་བྱ་དགོས།
2.གཏན་འཇགས་གཞི་རྩའི་ས་ཞིང་བདག་བཟུང་བྱས་ནས་སྡོང་མྱུག་དང་རྩྭ་བཏབ་ནས་ལྗང་སྒྱུར་གྱི་གྲས་སུ་བཀོལ་བའམ། རྨོ་འདེབས་ཀྱི་ལས་ཀར་གཏོར་བརླག་བྱེད་པའི་རྩི་ཤིང་འདེབས་འཛུགས་བྱེད་པ་གཏན་འགོག་བྱ་དགོས།
3.གཏན་འཇགས་གཞི་རྩའི་ས་ཞིང་བདག་བཟུང་བྱས་ནས་མཚེའུ་དང་སྔོ་ལྗང་ཁུལ་འཛུགས་སྐྲུན་བྱེད་པ་གཏན་འགོག་བྱ་དགོས།
4.གཏན་འཇགས་གཞི་རྩའི་ས་ཞིང་བདག་བཟུང་བྱས་ནས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ། ཉ་རིགས་གསོ་སྤེལ་བཅས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དང་རྨོ་འདེབས་ཀྱི་ལས་ཀར་གཏོར་བརླག་བྱེད་པའི་འདེབས་འཛུགས་ལས་རིགས་ཀྱི་སྒྲིག་བཀོད་མཐའ་དག་གཏན་འགོག་བྱ་དགོས།
གཉིས། འཁོར་སྐར་ལྟ་སྐུལ་ཚོད་འཛིན་དང་ཁྲིམས་འགལ་གྱིས་ས་ཆ་བེད་སྤྱོད་བྱེད་པར་གཡོལ་ཐབས་གཏན་ནས་མེད།
ཚན་རྩལ་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བཞིན་པའི་དུས་འདིར། རྒྱལ་ཁབ་ཀྱིས་དབྱེ་འབྱེད་ཚད་སྨི0.5ནས1ལ་སླེབས་པའི་འཁོར་སྐར་རྒྱང་ཚོར་བརྙན་རིས་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལག་རྩལ་བྱ་ཐབས་ལ་བརྟེན་ནས་ས་ཞིང་གསར་སྤེལ་དང་བེད་སྤྱོད་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཕྱི་གསལ་ནང་གསལ་གྱི་ལྟ་ཞིབ་ཚད་ལེན་བྱ་ཐུབ་པས། ཁྲིམས་འགལ་གྱིས་ས་ཆ་བེད་སྤྱོད་བྱེད་པའི་བྱ་སྤྱོད་གང་ཞིག་ཡིན་རུང་ཐར་ཐབས་གཏན་ནས་མེད་པ་དང་། འཁོར་སྐར་གྱིས་བཪྙན་ཕབ་བྱེད་པ་བརྒྱུད་ནས་ས་གནས་གང་ཡིན་གཏན་འཁེལ་བྱས་པ་ལ་བརྟེན་ནས། ཁྲིམས་འགལ་གྱིས་བེད་སྤྱོད་བྱས་པའི་ས་ཆ་གསལ་པོར་མངོན་ཐུབ་པ་རེད།
གསུམ། ཁྲིམས་འགལ་གྱིས་ས་ཞིང་བདག་བཟུང་བྱེད་པར་བཅའ་ཁྲིམས་ཀྱིས་ཆད་པ་ནན་མོ་གཅོད་རྒྱུ་ཡིན།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་ནས། ཁྲིམས་འགལ་གྱིས་རྨོ་ཞིང་བདག་བཟུང་བྱས་ནས་གང་བྱུང་དུ་འཛུགས་སྐྲུན་བྱས་པ་རྣམས་བཤིག་ནས་སྔར་གྱི་ས་ཞིང་གི་རྣམ་པ་སླར་གསོ་བྱས་ནས་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་ཡིན་པ་མ་ཟད། དཔལ་འབྱོར་རམ་ཉེས་དོན་སོགས་ཀྱི་ཆད་པ་ཡང་ནན་མོ་གཅོད་རྒྱུ་ཡིན།
སྲིད་འཛིན་ཐད་ཀྱི་ཆད་པ་གཅོད་ཐབས། ཁྲིམས་འགལ་གྱིས་རྨོ་ཞིང་བདག་བཟུང་བྱས་པའི་བྱ་སྤྱོད་ཀྱི་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ས་ཆ་དོ་དམ་སྡེ་ཁག་གིས་ཁྲིམས་འགལ་གྱིས་བདག་བཟུང་བྱས་པའི་ས་ཞིང་ཕྱིར་སློག་བྱ་དགོས་པའི་བཀའ་རྒྱ་གཏོང་རྒྱུ་ཡིན། ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་འགལ་ནས་རང་འདོད་ལྟར་ས་ཞིང་དེ་འཛུགས་སྐྲུན་ཁུལ་དུ་བསྒྱུར་བ་རྣམས། དུས་བཅད་ལྟར་དེ་སྔ་འཛུགས་སྐྲུན་བྱས་པ་རྣམས་བཤིག་ནས་སྔར་གྱི་རྣམ་པ་སླར་གསོ་བྱ་དགོས། ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་མཐུན་པའི་རིགས་ལ། ཁྲིམས་འགལ་གྱིས་བདག་བཟུང་བྱས་པའི་ས་ཞིང་ཐོག་གསར་དུ་འཛུགས་སྐྲུན་བྱས་པའི་དངོས་པོ་དང་སྒྲིག་བཀོད་གཞན་དག་གཞུང་བཞེས་གཏོང་རྒྱུ་ཡིན་པ་མ་ཟད། དངུལ་ཆད་ཀྱང་གཅོད་རྒྱུ་ཡིན།
དཔལ་འབྱོར་ཐད་ཀྱི་ཆད་པ་གཅོད་ཐབས། གཏན་འཇགས་གཞི་རྩའི་ས་ཞིང་བདག་བཟུང་བྱས་པར་སྨི་གྲུ་བཞི་མ་རེར་སྒོར1000གི་དངུལ་ཆད་གཅོད་རྒྱུ་དང་། གཏན་འཇགས་གཞི་རྩའི་ས་ཞིང་ཕུད་པའི་རྨོ་ཞིང་བདག་བཟུང་བྱས་པར་སྨི་གྲུ་བཞི་མ་རེར་སྒོར600ཡན་དང་སྒོར800མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན། རྨོ་ཞིང་ཕུད་པའི་ཞིང་སྤྱོད་ས་ཆ་གཞན་དག་བདག་བཟུང་བྱེད་མཁན་ལ་སྨི་གྲུ་བཞི་མ་རེར་སྒོར300ཡན་དང་སྒོར600མན་གྱི་དངུལ་ཆད་གཅོད་རྒྱུ་དང་། འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བདག་བཟུང་བྱས་པར་སྨི་གྲུ་བཞི་མ་རེར་སྒོར100ཡན་དང་སྒོར300མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན།
ཉེས་དོན་འགན་འཁྲི་ཐད་ཀྱི་ཆད་པ་གཅོད་ཐབས། གལ་ཏེ་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་བཟོས་ནས་ཉེས་གསོག་གྲུབ་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་ཐོ་འགོད་བྱས་ནས་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》 དོན་ཚན342པའི་གཏན་འབེབས་ལྟར་ན། ས་ཆའི་དོ་དམ་ཁྲིམས་སྲོལ་དང་འགལ་བ་དང་། ཁྲིམས་འགལ་གྱིས་རྨོ་ཞིང་བདག་བཟུང་བྱས་ནས་རྨོ་ཞིང་ཐོག་ཏུ་འོབས་དོང་བརྐོ་བ་དང་དུར་འཇུག་བྱེད་པ། ཁང་པ་ལས་པ། རྡོ་དང་བྱེ་མ་འདྲུ་བ། གཏེར་འདོན་པ། ས་ལེན་པ། སྙིགས་རོ་སྤུངས་པའམ་ཡང་ན་ཞིང་ལས་མིན་པའི་འཛུགས་སྐྲུན་བྱས་ཏེ། གཏན་འཇགས་གཞི་རྩའི་ས་ཞིང་མུའུ5ཡན་དང་ཡང་ན་གཏན་འཇགས་གཞི་རྩའི་ས་ཞིང་ཕུད་པའི་རྨོ་ཞིང་མུའུ10ཡན་གྱི་འདེབས་འཛུགས་ལ་གཏོར་བརླག་དང་སྦགས་བཙོག་ཚབས་ཆེན་བཟོས་པ་ལ། དུས་བཀག་བཙོན་འཇུག་ལོ5ལྔ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་པའམ་ཡང་ན་དངུལ་ཆད་གཅོད་རྒྱུ་ཡིན།
བཞི། ཁྲིམས་འགལ་སྒྲིག་འགལ་གྱི་ལས་རྣམས་ཐེར་འདོན་བྱེད། རྨོ་ཞིང་སྲུང་སྐྱོབ་ཀྱིས་ཀུན་ལ་ཕན་བདེ་བསྐྲུན།
རྨོ་ཞིང་སྲུང་སྐྱོབ་ཀྱི་ལས་ཀའི་ཕན་འབྲས་དེ་བསྐལ་བརྒྱའི་བར་དུ་གནས་པ་ཞིག་ཡིན། རྫོང་ཡོངས་ཀྱི་རྒྱ་ཆེ་བའི་མི་དམངས་མང་ཚོགས་རྣམས་རྨོ་ཞིང་སྲུང་སྐྱོབ་ཀྱི་ལས་ཀའི་ནང་མཉམ་ཞུགས་བྱེད་པ་དང་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ལ་བརྩི་སྲུང་ནན་ཏན་བྱས་ནས། ས་ཞིང་བེད་སྤྱོད་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་འགལ་སྒོས་རྨོ་ཞིང་བདག་བཟུང་བྱེད་པའི་བྱ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། ང་ཚོའི་ས་ཞིང་གི་རྨང་གཞི་བརྟན་སྲུང་ལེགས་པོ་བྱས་ནས་བུ་རབས་ཚ་རྒྱུད་ལ་ས་ཞིང་གཤིན་པོ་ཞིག་འཇོག་དགོས།
གལ་ཏེ་རྨོ་ཞིང་སྟེང་སྒེར་གྱིས་གང་འདོད་དུ་འཛུགས་སྐྲུན་བྱེད་པ་དང་། ས་རྐོ་རྡོ་སློག་དང་དོང་རྐོ་དུར་འཇུག་བྱེད་པ། ཕྱུགས་རིགས་གསོ་སྤེལ་དང་སིལ་སྡོང་དང་སྡོང་མྱུག་འདེབས་འཛུགས་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་གང་ཞིག་ཤེས་རྟོགས་བྱུང་ཚེ་ཞང་དང་གྲོང་རྡལ་སྲིད་གཞུང་ལ་སྙན་ཞུ་བྱས་ཆོག་ལ། རྫོང་སྤྱི་བདེ་ཅུས་དང་རྫོང་རང་བྱུང་ཐོན་ཁུངས་ཅུས་ལ་ཞུ་གཏུག་ཐེར་འདོན་བྱས་ཆོག (རྫོང་སྤྱི་བདེ་ཅུས་ཀྱི་ཞུ་གཏུག་ཁ་པར0973-8732014དང་།
རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་ཞུ་གཏུག་ཁ་པར0973-7707623) ང་ཚོས་ཞུ་གཏུག་ཐེར་འདོན་བྱེད་མཁན་ཀྱི་ཆ་འཕྲིན་གསང་སྲུང་ནན་མོ་བྱ་རྒྱུ་ཡིན།
གཅན་ཚ་རྫོང་མི་དམངས་སྲིད་གཞུང་ནས།
2024ལོའི་ཟླ3ཚེས26ཉིན།